༄༅།། སྐྱབས་གནས་མཁས་མང་འདུས་པ་རྒྱ་མཚོ་དང་ཡི་དམ་ཆོས་སྲུང་བཅས་གདན་འཛོམས་པའི་ཁྲིའི་དྲུང་དུ།
སྒོ་གསུམ་རབ་གུས་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་ནས་ཞུ་གསོལ་འདེབས་སྙིང༌། དེ་ཡང་ལྷར་བཅས་འགྲོ་བ་ཡོངས་ཀྱི་ཕན་བདེ་མ་ལུས་པ་འབྱུང་བའི་གཞི་སྒོ་གཅིག་པུ་ཀུན་མཁྱེན་མཉམ་མེད་བུ་རམ་ཤིང་པའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་སྤྱི་དང༌།
བྱེ་བྲག་དེའི་ཡང་སྙིང་ཡབ་རྗེ་རྒྱལ་བ་གཉིས་པ་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཡབ་སྲས་རྣམས་ཀྱིས་དག་ཐེར་ལེགས་པར་མཛད་པའི་མཉམ་མེད་དགེ་ལྡན་རིང་ལུགས་བཙོ་སྦྱངས་གསེར་གྱི་ཡང་ཞུན་ལྟ་བུ་འདི་ཉིད་ཕྱོགས་དུས་གནས་སྐབས་ཀུན་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང༌། བསྟན་པ་དེ་འཛིན་ཀུན་གྱི་གཙུག་རྒྱན་ྋགོང་ས་ྋལྷ་མིའི་རྣམ་འདྲེན་ྋསྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་དང། ནུབ་ཕྱོགས་བདེ་ལྡན་ཞིང་གི་མགོན་པོ་ྋཀུན་གཟིགས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག འཇམ་མགོན་རྒྱལ་བའི་གདུང་འཚོབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག མཚུངས་མེད་ཤར་བྱང་གི་ཆོས་རྗེ་རྣམ་གཉིས། སྐྱབས་རྗེ་ལྡན་མ་བློ་ཆོས་རིན་པོ་ཆེ་མཆོག
སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་མཆོག་སྤྲུལ་རྣམ་གཉིས། གྲྭ་ཚང་གི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ྋསྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་གིས་དབུས་བསྟན་འཛིན་གྱི་སྐྱེས་བུ་རྣམས་སྐུ་ཚེ་ཡུན་དུ་བརྟན་ཅིང་རླབས་ཆེན་ཐུགས་བཞེད་ལྷུན་གྱིས་འགྲུབ་པ་དང༌། བཤད་སྒྲུབ་བསྟན་པའི་འབྱུང་གནས་གདན་ས་ཆེན་པོ་གསུམ་དང༌། གསང་ཆེན་རྒྱུད་གྲྭ་སྟོད་སྨད་གཉིས་ཀྱིས་གཙོས་རིས་མེད་དགེ་འདུན་གྱི་སྡེ་རྣམས་ཐུགས་མཐུན་ཁྲིམས་གཙང་བའི་སྒོ་ནས་བཤད་སྒྲུབ་འཆད་ཉན་ཡར་ངོའི་ཟླ་བ་བཞིན་རྒྱས་པ་དང༌། ཁྱད་པར་དུ་དཔལ་ལྡན་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གི་དབུས་བཞུགས་དགའ་ལྡན་ཁྲི་རིན་པོ་ཆེ་རྗེ་བཙུན་ཐུབ་བསྟན་ཉི་མ་དཔལ་བཟང་པོ་མཆོག་དང་
སྐྱབས་རྗེ་ཤར་པ་ཆོས་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་སྐྱབས་རྗེ་བློ་ཆོས་རིན་པོ་ཆེ་མཆོག་དང་མཁན་ལས་ཟུར་དང་རྒྱལ་སྲས་བླ་སྤྲུལ་བཀའ་རབ་འབྱམས་དགེ་བའི་བཤེས་གཉེན་དགེ་འདུན་མང་དང་བཅས་པ་ཐུགས་མཐུན་ཁྲིམས་གཙང་བའི་སྒོ་ནས་ལམ་བསླབ་པ་གསུམ་གྱི་ཉམས་ལེན་ལུང་སྡེ་སྣོད་གསུམ་གྱི་འཆད་ཉེན་བཤད་སྒྲུབས་འཁོར་ལོ་གསུམ་གྱི་བྱ་བ་ཡར་ངོ་ཟླ་བ་བཞིན་འཕེལ་བ་དང།
སྐྱབས་བཟང་པོ་དེ་དག་གི་མཐུས་ཡངས་པའི་རྒྱལ་ཁམས་ཀུན་དུ་ནད་མུག་འཁྲུགས་རྩོད་སོགས་སྙིགས་མའི་རྒུད་ཚོགས་མཐའ་དག་ཉེ་བར་ཞི་བ་དང༌། ལྷག་པར་དུ་གྲྭ་ཚང་གི་ཕྱི་ནང་ལས་དོན་མཐའ་དག་གེགས་མེད་ལམ་ལྷོང་ཡོང་བ་དང་ལས་བྱེད་པོ་རྣམས་ལ་ལས་དོན་གནད་ལ་འཁེལ་བའི་རྣམ་འབྱེད་ཀྱི་ཤེས་རབ་དུས་ནས་དུས་སུ་སྐྱེ་བ་སོགས་ལེགས་ཚོགས་སྒོ་བརྒྱའི་ཆེད་དུ་དམིགས་ཞིང་མཆོག་འདུས་པ་རྒྱ་མཚོར་བསྙེན་བཀུར་གྲྭ་ཇ་དང་བཞེས་བག དགེ་འདུན་རེའི་ཕྱག་ཏུ་སྐུ་འགྱེད་སྒོར་ ༢༠ རེ། རྟེན་གཙོ་ཁག་ལ་སྙན་ཤལ་ཨ་ཤེ། སྐྱབས་རྟེན་ཨ་ཤེ། སྐྱབས་སྒྲིལ་ཨ་ཤེ་བཅས་དད་གུས་སྤྲོ་གསུམ་གྱི་སྒོ་ནས་འབུལ་ལམ་ཞུས་པ་ལགས་ན་ཞབས་རིམ་གཏོར་འབུལ་རྟ་ཆེན་གཏོང་གནང་དང་འབྲེལ་གོང་གསོལ་རེ་འབྲས་རྣམས་དེ་དོན་བཞིན་དུ་འགྲུབ་པའི་བླ་མ་ཡིད་དམ་དགེ་འདུན་ཆོས་སྲུང་བཅས་ནས་ཐུགས་སྨོན་སྐྱབས་འཇུག་བརྩེ་ཆེན་ཡེ་ཤེས་ཀྱི་ཀློང་ནས་ནམ་ཡང་འདོར་མེད་བརྩེ་བས་གཟིགས་པ་མཁྱཻེན། མཁྱཻན། མཁྱེན་ཞེས་གསོལ་བ་འདེབས་པ་ལགས།།
No comments:
Post a Comment